Welcome Message
Welcome Message from Kyabje Namkhai Nyingpo Rinpoche
Read Kyabje Namkhai Nyingpo Rinpoche's welcome message in Dzongkha or English.




བྱོན་ལེགས་ཀྱི་གསུང་འཕྲིན།
སྐུ་གཟུགས་བཟང་པོ། ཨོསི་ཊྲེ་ལི་ཡ་མཁར་ཆུ་ཆོས་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ནང་ལུ་བྱོན་པ་ལེགས་སོ་ཟེར་ཞུ་ནི་ཨིན།
དད་མོས་ཅན་གྱི་ཉམས་སུ་བླང་མི་དང་། ཁས་བླངས་པ། སྦྱིན་བདག་རྒྱབ་སྐྱོར་གནང་མི་ཚུ་གི་འབད་བརྩོན་ལྷག་བསམ་རྣམ་དག་ལས་བརྟེན་ཏེ་ ཨོསི་ཊྲེ་ལི་ཡའི་རྒྱལ་ཁབ་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གཞི་བཙུགས་འབད་དེ་ དར་ཞིང་རྒྱས་བཞིན་ཡོད་མི་ལུ་ ང་ར་དགའ་ཉམས་ཚད་མེད་བྱུང་ཡི།
མཁར་ཆུའི་ཆོས་ཚོགས་འདི་ ཨོསི་ཊྲེ་ལི་ཡ་ལུ་བཞུགས་མི་འབྲུག་མི་ཆ་ཁྱབ་དང་མི་གཞན་དང་གཞན་ཚུ་གིས་ ནང་པའི་ཆོས་ལུ་ ཐོས་བསམ་དང་། ཉམས་ལེན། ཉམས་སྲུང་འབད་སའི་ས་གོ་ཁྱད་པར་ཅན་ཅིག་བཟོ་ནིའི་དོན་ལུ་ གཞི་བཙུགས་འབད་འབདཝ་ཅིག་ཨིན།
ནང་པའི་ཆོས་ཀྱི་དགོས་མཁོ་གཙོ་བོ་འདི་ ཤེས་བྱ་ཡོན་ཏན་འཐོབ་ནི་རྐྱངམ་གཅིག་མེན་པར་ རང་གི་སེམས་རྒྱུད་བཏུལ་ནི་འདི་ཨིན། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དང་། ཁ་ཐུན་དགེ་སྦྱོར། དམ་པའི་ཆོས་དང་འབྲེལ་བའི་ཞབས་ཏོག་བསྙེན་བཀུར་འབད་བའི་ཕན་ཡོན་གྱིས་ ཉོན་མོངས་དུག་ལྔ་ལ་སོགས་པ་ཚུ་ཞི་སྟེ་ རང་གཞན་གཉིས་ཀ་ལུ་ཕན་པའི་ བྱམས་པ་དང་། སྙིང་རྗེ། ཤེས་རབ་ལ་སོགས་པ་ཚུ་བསྐྱེད་ཚུགས།
དེ་ཚུ་ནང་བཅའ་མར་གཏོགས་ནིའི་དོན་ལུ་དང་ ཚོགས་བསགས་སྒྲིབ་སྦྱང་གི་ལཱ་གཞན་ག་ཅི་ར་གནང་ནིའི་ཐུགས་བཞེད་ཡོད་རུང་ མཁར་ཆུའི་ཆོས་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་དང་ ཆོས་ཚོགས་འདི་གི་ལྟེ་བའི་མཐུན་རྐྱེན་ཚུ་ལག་ལེན་འཐབ་གནང་ཟེར་ཞུ་ནི་ཨིན།
སྤྱིར་འཛམ་གླིང་ནང་དང་ དམིགས་བསལ་དུ་ ཨོསི་ཊྲེ་ལི་ཡ་ལུ་ ནང་པ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཐབས་ལུ་ ང་བཅས་རའི་ཆོས་ཚོགས་ལུ་ རྒྱབ་སྐྱོར་དང་ཕྱག་ཕྱིད་ཞུ་མི་ཡོངས་ལུ་ སྙིང་ཐག་པ་ལས་བཀྲིན་ཆེ་ཟེར་ཞུ་ནི་དང་།
ཆོས་ཚོགས་འདི་གིས་ མ་འོངས་པ་ལུ་ མི་རབས་ལས་མི་རབས་བཅད་དེ་ ནང་པའི་ཆོས་ལུ་སེམས་ཤུགས་བསྐྱེད་ཐབས་དང་། མི་དང་མི་གི་བར་ན་མཐུན་ལམ་དམ་ཟབ་། དེའི་ནང་དོན་ཉིད་ལས་ ཨོསི་ཊྲེ་ལི་ཡའི་མི་སྡེའི་ནང་ལུ་ ཞི་བདེ་དང་དགའ་སྐྱིད་ཚུ་འབྱུང་ཐབས་ལུ་ཞབས་ཏོག་ཞུ་ཚུགས་པའི་སྨོན་ལམ་ཡོད་ཟེར་ཞུ་ནི་ཨིན།
མཇུག་རང་ ང་བཅས་མཁར་ཆུ་ཆོས་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་གཟིགས་པར་བྱོན་མི་ལུ་ལོག་སྟེ་ར་བཀྲིན་ཆེ་ཟེར་ཞུ་ནི་དང་། ནཱ་ཆ་ཁྱབ་ཀྱིས་ ཡོངས་འབྲེལ་འཆར་སྒོ་འདི་གི་ཐོག་ལས་ ང་བཅས་ཀྱི་མཛད་སྒོ་རིམ་པ་ཚུ་གི་སྐོར་ལས་བརྡ་དོན་ཚུ་ལེགས་ཤོམ་སྦེ་འཐོབ་ཚུགས་པའི་རེ་བ་ལུ་དང་། ད་རེས་བཟུམ་སྦེ་རང་ ཆོས་ཚོགས་འདི་དང་འབྲེལ་བ་འཐབ་སྟེ་ རྒྱབ་སྐྱོར་ག་དེ་དྲག་དྲག་གནང་འོང་མནོ་བའི་རེ་བ་དང་སྨོན་ལམ་ལུ། བཀྲིན་ཆེ། བཀྲིས་བདེ་ལེགས།
ནམ་མཁའི་སྙིང་པོ།




